Wb/bo/༄༅། །འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད་མ།

< Wb‎ | bo
Wb > bo > ༄༅། །འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད་མ།

༄༅། ། ན་མཿཤྲྰི་གུ་རུ་མཉྫུ་གྷོ་ཥྰ་ཡ། བདེ་གཤེགས་ཀུན་གྱིས་བསྔགས་པའི་བདེ་བ་ཅན། །རྣམ་དག་ཞིང་གི་དབང་ཕྱུག་བཅོམ་ལྡན་འདས། །ལྷ་མིའི་སྟོན་པ་མགོན་པོ་ཚེ་དཔག་མེད། །རྒྱལ་བའི་དབང་པོས་འགྲོ་ལ་འཆི་མེད་སྩོལ༑༑སྣ་ཚོགས་སྣོད་ཀྱི་དབྱེ་བ་མཐའ་ཡས་པའི། །དང་བའི་ཆུ་ལ་སྤྲིན་བྲལ་ཟླ་གཟུགས་བཞིན། །སྐལ་ལྡན་གྲངས་མེད་འགྲོ་ལ་ཅིག་ཅར་དུ། །རྣམ་པ་དུ་མར་སྟོན་པ་ཁྱོེད་ཀྱི་སྐུ། །མཐའ་ཡས་གདུལ་བྱའི་སོམ་ཉིའི་དྲ་བ་རྣམས། །སྐད་གཅིག་ཉིད་ལ་སོ་སོར་གཅོད་མཛད་ཅིང་། །ཡང་དག་དོན་ལ་བློ་གྲོས་མིག་འབྱེད་པའི། །རྒྱུན་མི་འཆད་པར་སྒྲོག་པ་ཁྱོད་ཀྱི་གསུང་། །ཤེས་བྱ་ཀུན་ལ་རབ་འབྱམས་མཁྱེན་པ་འཕྲོ། །རྒྱུད་ལྔའི་འགྲོ་ལ་ཐུགས་བརྗེའི་གཞན་དབང་གྱུར། །མཁྱེན་བརྩེ་ནུས་པས་སྲིད་ཞིའི་འཇིགས་ལས་སྐྱོབ། །འབད་རྩོལ་མཚན་མས་མི་གཡོ་ཁྱོད་ཀྱི་ཐུགས། །ཉིན་བྱེད་ཟེར་གྱིས་ལྷ་ཡི་ལམ་ལ་བཞིན། །དཔག་ཡས་ཞིང་ཀུན་མཐའ་མེད་འོད་དཔུང་གིས། །ཡོངས་སུ་འགེངས་པའི་གཟི་བརྗིད་ཕུང་པོའི་སྐུས། །སྐལ་ངན་བདག་གི་མིག་གི་དགའ་སྟོན་སྒྲུབས། །སྙན་པའི་འབྲུག་སྒྲ་རྨ་བྱའི་སྙིང་ལ་བཞིན། །ཐོས་པ་ཙམ་གྱིས་བདེ་བའི་མཆོག་སྟེར་བའི། །ཡན་ལག་ལྔ་དང་ལྡན་པའི་ཚངས་དབྱངས་ཀྱིས། །རྣ་བའི་ལམ་དུ་བདུད་རྩིའི་ཟེགས་མ་ཐོར། །ནམ་མཁའི་དབྱིངས་སུ་སྤྲིན་ཕུང་ཞི་བ་བཞིན། །སྟོང་པའི་ངང་དུ་རིག་པ་ཞུགས་གྱུར་པའིས།༑༑སྤྲོས་ཀུན་ཉེར་ཞི་ཞི་བའི་ཐུགས་མཆོག་གིས། །ཀུན་རྟོག་ཡིད་ཀྱི་དམིགས་གཏད་ཐམས་ཅད་ཞི། །རྒྱལ་བ་ཀུན་གྱིས་དཔག་མེད་བསྐལ་པ་རུ༑༑བརྗོད་ཀྱང་ཕ་མཐའ་རྙེད་པར་མི་སླ་བའི། །ཁྱོད་ཀྱི་ཡོན་ཏན་ཕུང་པོ་ཅི་འདྲ་བ། །དེ་འདྲ་བདག་གིས་བརྗོད་པའི་ཡུལ་ལས་འདས། །དེ་ཕྱིར་མི་ཟད་ཡོན་ཏན་གཏེར་གྱུར་ཅིང་། །ཉེས་པའི་ས་བོན་མཐའ་དག་གཏན་སྤངས་པ། །ཁྱོད་དང་མཚུངས་པའི་སྟོན་པ་གཞན་ཡོད་མིན། །དེ་སླད་ཁྱོད་ཉིད་གཅིག་པུ་འགྲོ་བའི་སྐྱབས། །སྐྱོབ་པ་ཁྱོད་ཀྱིས་སྨོནལམ་བྱེ་བ་བརྒྱས། །ལེགས་པར་བསྒྲུབ་པའི་ཞིང་མཆོག་དམ་པ་གང་། །སྡུག་བསྔལ་རྣམས་ཀྱི་མིང་ཡང་མ་འབྱུང་བས། །བདེ་བ་ཅན་ཞེས་ཡོངས་སུ་གྲགས་པ་དེར༑༑ཚེ་འདིའི་སྣང་བ་ནུབ་པར་གྱུར་ཙམ་ན། །འདབ་སྟོང་པདྨའི་སྦུབས་སུ་སྐྱེས་མ་ཐག། །ཆུ་སྐྱེས་དབུས་ནས་ཐོགས་པ་མེད་བྱུང་སྟེ། །ཁྱོད་སྐུ་མཐོང་ནས་གསུང་གིས་ཚིམ་པར་ཤོག། །མགོན་པོ་ཁྱོད་ལས་ཐེག་མཆོག་གཏམ་ཐོས་ནས། །སྲིད་པའི་འདམ་དུ་བྱིང་རྣམས་བསྒྲལ་ཕྱིར་དུ། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་ཀྱིས། །ཇི་ལྟར་སྤྱོད་པ་དེ་ལྟར་བདག་གྱུར་ཅིག། །

ཅེས་མགོན་པོ་འོད་དཔག་མེད་ཀྱི་བསྟོད་པ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའོ༑༑